སློབ་སྟོན་པ།

བོད་ཀྱི་དྲ་ཐོག་སློབ་གྲྭའི་སློབ་སྟོན་པ། 
བོད་ཀྱི་དྲ་ཐོག་སློབ་གྲྭའི་སློབ་སྟོན་པ་ནི་བོད་མི་མང་སྤྱི་ཟུར་གསེར་རྟའི་ཚུལ་ཁྲིམས་འོད་ཟེར་མཆོག་དང་། ཆབ་སྲིད་བཙོན་ཟུར་རྒྱལ་གཅེས་དཔའ་བོ་ཨ་ཁུ་མགོ་ལོག་འཇིགས་མེད་རྣམ་གཉིས་ཡིན།

སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱི་ངོ་སྤྲོད་སྙིང་བསྡུས། 
སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ནི་ཕྱི་ལོ་༡༩༧༡་ལོར་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ས་ཆར་སྐྱེས། ཆུང་དུས་ས་གནས་སློབ་ཆུང་ལ་ཕྱིན། སྤྱི་ལོ་༡༩༨༣་ལོ་ནས་གསེར་རྟ་སེ་ར་དགོན་དུ་ཆོས་ཞུགས་ཀྱིས་ཐོས་བསམ་བྱེད་མགོ་བརྩམས།
༡༩༨༦་ལོ་ནས་ལོ་ཤས་རིང་ཟླ་གྲྭ་ལག་དགོན་དུ་འཇུ་མི་ཕམ་པའི་ཡིག་ཆ་གཙོར་འཛིན་གྱིས་བྱམས་ཆོས་སྡེ་ལྔ་དང་། མ་འཇུག་པ། སྤྱོད་འཇུག་ཆེན་མོ་དང་། ནག་རྩིས་སོགས་སྦྱང་། ༡༩༨༨་ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕྱིན་ནས་བསྡུས་གྲྭ། བློ་རྟགས། སུམ་རྟགས། སྙན་ངག དབྱངས་ཅན་སྒྲ་ཊྚིཀ་བཅས་དང་། ལནྫ། ཝརྟུ། དབུ་ཅན་བཅས་ཀྱི་ཡིག་གཟུགས་སོགས་ཀྱང་སྦྱང་། ༡༩༩༢་ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་འཕྲལ་སུ་ཇ་བོད་ཁྱིམ་སློབ་གྲྭར་ལོ་གཅིག་དང་ལྷག་རིང་དབྱིན་ཡིག་ཁོ་ནར་སྦྱང་། ཕྱི་ལོ་༡༩༩༣་ལོར་སུ་ཇ་སློབ་གྲྭའི་ཁང་ཚན་སོ་སོའི་བར་དེང་རབས་ཀྱི་ཤེས་བྱ། བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྐོར་དང་། སུམ་རྟགས། སློབ་གྲྭའི་སྐོར་བཅས་ལ་དྲི་བ་དྲིས་ལན་གྱི་འགྲན་བསྡུར་བྱས་པར། སློབ་གྲྭའི་ནང་སློབ་མ་སྟོང་ཙམ་ཡོད་པ་ཐམས་ཅད་ཀྱི་ནང་ནས་ཨང་དང་པོའི་བྱ་དགའ་ཐོབ། ༡༩༩༣་ལོ་མཇུག་ཏུ་སློབ་གྲྭ་ནས་དགོངས་པ་ཞུས་ཏེ། རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཆེན་པོ་དགའ་ལྡན་གྱི་ཡ་གྱལ་དགའ་ཤར་འཇམ་དབྱངས་སོག་པ་ཁང་ཚན་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་བྱས་པ་དང་། tsultrimwoserབར་ལམ་ནས་རང་ཉིད་ཀྱིས་སློབ་གཉེར་བྱེད་ཞོར་དུ་གདན་སའི་གྲྭ་ཚང་གི་སློབ་གྲྭའི་ནང་རིག་གནས་སློབ་ཁྲིད་གང་མང་བྱེད་ཞོར་དུ་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་སྐབས་རྣམས་སུ་འཛིན་གྲྭའི་ནང་ཨང་དང་པོ་དང་། ཨང་གཉིས་པ་སོགས་ཐེངས་མང་བླངས། ༡༩༩༥་ལོར་མོན་གྷོ་གཞིས་ལས་ཁང་གིས་གོ་སྒྲིག་འོག་གདན་ས་དགའ་འབྲས་གཉིས་ཀྱིས་གཙོས་ས་གནས་སེར་སྐྱ་མི་མང་ལ་རྩོམ་རིག་འགྲན་བསྡུར་སྐབས་ཨང་དང་པོའི་བྱ་དགའ་ཐོབ། ༡༩༩༦་ལོར་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཞི་བདེའི་བསྟི་གནས་ཀྱི་དགེ་མཚན་ཞེས་པའི་བརྗོད་གཞིའི་ཐོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡོངས་ལ་རྩོམ་རིག་འགྲན་བསྡུར་སྐབས་ཨང་བཞི་པའི་བྱ་དགའ་ཐོབ། ༡༩༩༨་ལོར་མོན་གྷོ་གཞི་ལས་ཁང་གིས་གདན་ས་དགའ་འབྲས་གཉིས་ཀྱིས་གཙོས་ས་གནས་སེར་སྐྱ་མི་མང་ལ་རྩོམ་རིག་འགྲན་བསྡུར་སྐབས་སླར་ཡང་ཨང་དང་པོའི་བྱ་དགའ་ཐོབ། ཕྱི་ལོ་༢༠༠༦་ལོར་སྤྱི་འཐུས་སྐབས་བཅུ་བཞི་བའི་ནང་མདོ་སྨད་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་ལྟར་ལྷག་བསམ་དྲང་བདེན་ལ་གཞི་བཅོལ་ཏེ། ལོ་ལྔའི་རིང་སྤྱི་འཐུས་ཀྱི་ལས་དོན་གཟེངས་སུ་ཐོན་པ་གནང་། སྐབས་བཅུ་བཞི་བའི་སྤྱི་འཐུས་ལས་ཐོག་ཡིན་སྐབས་གྲྭ་ཚང་ནང་འཛིན་གྲྭ་ཆ་ཚང་ཐོན་ཟིན་ཡོད་པར་བརྟེན། དགེ་བཤེས་དམ་བཅའ་ཞོགས་དང་། དགེ་བཤེས་སྤྲད་ངེས་ཡིན་ཞེས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེས་བཀའ་ཕེབས་ཀྱང་། སྐྱབས་རྗེ་མཁན་རིན་པོ་ཆེས་ཐུགས་ཁུར་དེ་ཙམ་གནང་བ་བཀའ་དྲིན་དཔག་མེད་ཆེ་ཡང་། སྐབས་བཅུ་བཞི་བའི་སྤྱི་འཐུས་ལས་ཐོག་དེ་ཚར་སོང་རྗེས་སྐབས་བཅོ་ལྔ་པའི་སྤྱི་འཐུས་ནང་མུ་མཐུད་འགྲོ་འཆར་མེད་པས། དེའི་རྗེས་མུ་མཐུད་སློབ་གཉེར་བྱ་འདོད་ཡོད་པས། ཁོ་བོ་དགེ་བཤེས་ཆེད་ད་དུང་བྲེལ་བ་དེ་ཙམ་མི་འདུག་ཅེས་ཞུས། ཕྱི་ལོ་༢༠༡༡་ལོར་སྐབས་བཅོ་ལྔ་པའི་སྤྱི་འཐུས་འོས་འདེམས་སྐབས་སླར་ཡང་མདོ་སྨད་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞིའི་ནང་འོས་གྲངས་མཐོན་པོར་སླེབས་ཀྱང་འོས་གཞིའི་ནང་ནས་དགོངས་པ་ཞུས་ཏེ། མུ་མཐུད་སློབ་གཉེར་ཞོར་དུ་གྲྭ་ཚང་གི་སློབ་གྲྭའི་ནང་སློབ་ཁྲིད་སོགས་སྤྱི་ཕན་གྱི་ལས་ཀ་གང་མང་བསྒྲུབས་དང་སྒྲུབ་བཞིན་པ་བཅས་སོ། །