མདུན་ཤོག

བོད་ཀྱི་དྲ་ཐོག་སློབ་གྲྭ་འདི་ནི་འགྲོ་བ་ལྷ་དང་བཅས་པའི་སྐྱབས་གནས་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུའི་རླབས་ཆེན་གཞན་ཕན་གྱི་བྱམས་བརྩེའི་ལམ་སྟོན་གཞིར་བཞག་ཏེ། བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཡོད་མཁན་གྱིས་དགེ་རྒན་འགའ་ཤས་ཀྱིས་མཉམ་རུབ་ཐོག་ཕྱི་ལོ་2015 ལོར་གསར་ཏུ་བསྐྲུན་པ་དང་། བོད་སྐད་དང་། བོད་ཡིག རིགས་ལམ། ནང་ཆོས། ཆོས་འབྱུང་། རྩོམ་རིག རྒྱལ་རབས། བརྡ་སྤྲོད་སོགས་ལ་སློབ་གཉེར་བྱེད་བློ་ཡོད་རིགས་དག་ལ་སློབ་ཁྲིད་བྱེད་ཀྱི་ཡོད།
བོད་སྐད་དང་བོད་ཡིག་གཅིག་ཀྱང་མི་ཤེས་མཁན་ཞིག་ཡིན་ཡང་། ཚུ་ཆོད་བཅོ་ལྔ་རིང་ལ་བོད་ཡིག་ཀློག་སྟངས་བསླབ་ན་བོད་ཡིག་ཚང་མ་ཀློག་ཐུབ་ཅིང་། བོད་སྐད་ཀྱི་ལམ་ནས་ཕན་ཚུན་འཚམས་འདྲི་སྟབས་བདེ་རེའང་བྱེད་ཐུབ། བོད་སྐད་གཙོ་བོ་ལྷ་སའི་ཁ་སྐད་གཞིར་བཞག་བྱེད་ཀྱི་ཡོད་ལ། སློབ་ཕྲུག་གི་ཨམ་མདོའི་ཁ་སྐད་དང་། ཁམས་སྐད་སློབ་འདོད་ཡོད་པ་དག་ལའང་དེ་ལྟར་དགེ་རྒན་གོ་སྒྲིག་བྱས་ཏེ་སློབ་ཁྲིད་བྱེད་ཀྱི་ཡོད།
བོད་སྐད་བརྗོད་ཐུབ་ཀྱང་བོད་ཡིག་ཀློག་མི་ཤེས་མཁན་དག་ལ་བོད་ཡིག་འབྲི་ཀློག་གོང་དང་གཅིག་མཚུངས་བྱས་ཏེ། ཆུ་ཚོད་བཅོ་ལྔ་རིང་ལ་བོད་ཡིག་ཀློག་སྟངས་སློབ་ལ། རིམ་བཞིན་སྐད་ཡིག་དང་། བརྡ་སྤྲོད། རྩོམ་རིག རྒྱལ་རབས། ཆོས་འབྱུང་།རིགས་ལམ།ནང་ཆོས་སོགས་ཀྱི་སློབ་ཚན་སློབ་ཁྲིད་བྱེད་ཀྱི་ཡོད།
རིགས་ལམ་དང་། ནང་ཆོས་ནི་བོད་སྐད་དང་བོད་ཡིག་གི་རྨང་གཞི་ཏོག་ཙམ་མེད་ཚེ་ངོ་སྤྲོད་གནང་རྒྱུ་དཀའ་ངལ་ཆེ་བས། བོད་སྐད་མི་ཤེས་པའི་རིགས་ཀྱི་དང་པོ་བོད་སྐད་ལ་སྦྱངས་ཏེ་བོད་སྐད་ཀྱི་ལམ་ནས་ཕན་ཚུན་བརྡ་འཕྲོད་རྗེས་རིགས་ལམ་དང་ནང་ཆོས་ཀྱི་སློབ་ཚན་སློབ་ཁྲིད་བྱེད་ཀྱི་ཡོད།
བོད་ཀྱི་དྲ་ཐོག་སློབ་གྲྭར་ཆེད་སྦྱོང་འཛིན་གྲྭ་ཞིག་ཡོད་དེ། བོད་ཡིག་དང་དབྱིན་ཡིག་ཆེད་སྦྱོང་གནང་མཁན་ཚོར་ཆེད་དུ་གོ་སྒྲིག་བྱས་པའི་འཛིན་གྲྭ་ཞིག་ཡིན་ཞིང་། སློབ་ཕྲུག་རེ་ལ་དགེ་རྒན་རེ་བྱས་ཏེ་ཉིན་གཅིག་ཆུ་ཚོད་བདུན་རིང་སློབ་ཁྲིད་བྱེད་ཀྱི་ཡོད་པ་དང་། ཉིན་ཕྱེད་ཀྱང་སློབ་ཁྲིད་བྱེད་ཀྱི་ཡོད་ལ། དྲ་ཐོག་དང་དམིགས་བསལ་འཛིན་གྲྭའི་དགེ་རྒན་དག་ལའང་དགེ་རྒན་ཟབ་སྦྱོང་བྱས་ཏེ་ཆེད་ལས་དགེ་རྒན་རྐྱང་པ་ཡིན་པས། བོད་དབྱིན་སྐད་ཡིག་ཆེད་སྦྱོང་གནང་འདོད་ཡོད་རིགས་དག་གིས་གཤམ་གྱི་ཁ་བྱང་ཐོག་འབྲེལ་གཏུགས་གནང་རོགས།